文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བཞུགས་སྒར་གཉིས་བོད་ལྗོངས་ལྷོ་ཁ་ནས་གསར་རྙེད་བྱུང་བ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2015-01-14 10:19:15   འབྱུང་ཁུངས།༇མཚོ་སྔོན་པོ་དྲ་བ།

མཚོ་སྣ་རྫོང་ཡ་མ་རོང་གི་བཞུགས་སྒར་གྱི་རྗེས་ཤུལ།

ཉེ་ལམ།རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་སྔར་མཚོ་སྣ་རྫོང༼དེང་གི་བོད་ལྗོངས་ལྷོ་ཁའི་མཚོ་སྣ་རྫོང་ཁོངས༽དུ་ལོ་ངོ་བཅུ་གཉིས་བཅུ་གསུམ་ཙམ་ལ་ཡི་གེ་དང་འདོན་ཆོས་སྤྱོད་ལ་སྦྱངས། ཁོང་ཉིད་མཚོ་སྣ་རུ་སྐུ་འཚོ་བཞེས་སྐབས་ཀྱི་བཞུགས་སྒར་གཉིས་ཀྱི་རྗེས་ཤུལ་གསར་རྙེད་ཁུངས་དག་ཆོད་ཅིང་།འདིས་རྒྱལ་བ་སྐུ་ཕྲེང་དྲུག་པ་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་སྐུ་ཉིད་ཕོ་བྲང་པོ་ཏ་ལར་མ་ཕེབས་སྔོན་གྱི་འཚོ་བར་ཞིབ་འཇུག་བྱེད་པར་རྔོ་ཐོགས་ཀྱི་འདུག་ཅེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་གཞོན་པ།བོད་རིག་པའི་མཁས་པ་པ་སངས་ནོར་བུ་ལགས་ནས་གསར་འགོད་པར་འགྲེལ་བརྗོད་གནང་འདུག
      ཁུངས་སྣེ་འདི་ལ་བརྟེན་ནས་པ་སངས་ནོར་བུ་སོགས་ཞིབ་འཇུག་པ་ཚོས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བཞུགས་སྒར་གཉིས་པ་རྙེད།བཞུགས་སྒར་དང་པོ་དེ་དེང་གི་མཚོ་སྣ་རྫོང་མཁར་གྱི་སྡོད་དམངས་གཞིས་རྙིང་དུ་ཡོད་ལ།དེའི་བཟོ་བཀོད་ནི་ཀ་བཞི་གདུང་བརྒྱད་ལ་ལྕམ་ཤིང186ཡོད་པའི་ཐོག་སོ་རིམ་གཉིས་ཅན་ཡིན་མོད།སྟེང་ཁང་འཇིགས་ཤིང་འོག་ཁང་ཡང་མང་ཤོས་ཞིག་རལ་ཏུ་གྱུར་ཡོད།བརྩིགས་བཟོ་ཤིང་རྡོ་ལས་གྲུབ་ཅིང་གདུང་མ་དང་ཀ་བ། ལྕམ་གྱི་ཤིང་ཆ་བཟང་ལ་རི་མོ་ལེགས་པ། གཞིས་ས་བརྟན་པ་ཞིག་ཡིན། ཕྱི་རའི་རྡོ་བརྩིགས་སྤུས་དག་ལ་ངོས་མཉམ་པ། མཚམས་རེར་པང་གཅལ་གྱིས་རྩིག་པ་བརྒྱབ་ཡོད། མིག་སྔར་བཞུགས་སྒར་འདི་ཉིད་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཚུད་ཡོད་པ་རེད།
     པ་སངས་ནོར་བུས་གསུང་རྒྱུར།སྐབས་དེར་དབུས་ཀྱི་དཔོན་རིགས་ནས་མཚོ་སྣ་རྫོང་ལ་འགན་དཀྲིས་ཏེ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་ལ་ཅུང་ལྷིང་འཇགས་ཡིན་ལ་འགྲོ་འདུག་དང་སློབ་སྦྱོང་གནང་སའི་ཁོར་ཡུག་ལེགས་ཤོས་ཤིག་གོ་སྒྲིག་གནང་དགོས་ཚུལ་བརྗོད་པ་ལ།རྫོང་མཁར་དང་ཁད་ཐག་ཉེ་ཞིང་མཁའ་དབུགས་དང་ཁོར་ཡུག་གི་ཆ་རྐྱེན་ལ་དམིགས་ཏེ་གཡའ་མ་ལུང་གི་ས་འདི་ལེགས་པར་གཟིགས་ནས་ཁོང་གི་བཞུགས་སྒར་གཉིས་པ་འདི་བཏབ་པར་བཤད།


ལྷོ་ཁའི་མཚོ་སྣ་རྫོང་ཁོངས་ཀྱི་བཞུགས་སྒར་རྗེས་ཤུལ།

 ཁོང་གིས་མུ་མཐུད་ནས་གསུང་དོན།རྟོག་ཞིབ་བརྒྱུད་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བཞུགས་སྒར་གཉིས་པ་དེ་མཚོ་སྣ་རྫོང་མཚོ་སྣ་གྲོང་བརྡལ་ཡ་མ་རོང་གྲོང་སྡེའི་ནུབ་བྱང་དུ་ཡོད་ལ།ཐོག་སོ་རིམ་པ་གཉིས་ཅན་གྱི་གཞིས་ཀ་དེར་ཆག་འཇིག་ཆེར་བྱུང་མེད་ཅིང་སྔ་མ་ལས་གཞི་རྒྱ་ཅུང་ཆེན་པོ་འདུག ལྟ་ཞིབ་ལས་སྔོན་ཆད་གཞིས་འདིར་མི་ཡུན་རིང་དུ་བསྡད་མྱོང་ལ།ཀ་རྙིང་གསར་བརྗེས་དང་རྩིག་ངོས་བསྐྱར་གསོ་དང་ས་དཀར་བྱུག་པ་སོགས་བྱས་མྱོང་འདུག གཙོ་ཁང་ལས་གཞན་ཟུར་ཁང་གི་ཤུལ་མང་དུ་ཡོད་ལ་ཀ་གདུང་བརྐོས་མའི་ལྷག་རོ་གང་སར་མཐོང་རྒྱུ་ཡོད་པར་གཞིགས་ན།སྐབས་དེར་བཞུགས་སྒར་འདིའི་བཟོ་བཀོད་ཡུལ་འདིའི་རྒྱན་དུ་གྱུར་ཅིང་བག་དྲོ་བྱིན་ཆེ་ཞིག་ཡིན་པ་ཤེས་ཐུབ་ཅེས་གསལ་བརྗོད་གནང་།
      བཞུགས་སྒར་འདི་གཉིས་རིག་དངོས་རྗེས་ཤུལ་སུ་ཉར་བས་རིག་གཞུང་གི་སྡེ་རུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐུ་ཚེའི་གསང་བ་བརྟོལ་བ་དང་།ཕྱི་ཕྱོགས་ཀྱིས་ཁོང་ཉིད་ལ་བཟུང་བའི་མ་རྟོགས་ལོག་བཤད་སེལ་བར་རྔོ་ཆེན་པོ་ཐོགས་ཡོད་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།