文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
སྐབས་གཉིས་པའི་གཏོ་པའི་གནས་མཆོག་མི་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་འཚོགས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2015-04-02 11:22:35   འབྱུང་ཁུངས།༇སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཟླ3པའི་ནང་སེམས་ཀྱི་ཉི་ཟླ་རྫོང་གི་སན་པ་ཤང་ལ་དཔྱིད་ཀྱི་དཔལ་ཡོན་ཤར་ནས་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་ཡོད།    ཚེས27ཉིན་ཏེ།  འཇང་རིགས་ཀྱི་ཟླ་གཉིས་པའི་ཚེས་བརྒྱད་ཀྱི་སྲོལ་རྒྱུན་དུས་ཆེན་ཡིན།   ཉིན་དེར།   སན་པ་ཤང་དུ་སྐབས་གཉིས་པའི་གཏོ་པའི་གནས་མཆོག་མི་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་འཚོགས་ཡོད་ལ།   ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་འཚོགས་པ་བརྒྱུད་ནས།   ཕྱོགས་ཡོངས་ནས་སན་པ་ཤང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་།  གཏོ་པའི་རིག་གནས་ཀྱི་མཛེས་སྡུག་ཚུར་སྣང་བྱས་ཡོད།  
       སན་པ་ཤང་ནི་ཡུན་ནན་ཞིང་ཆེན་ལས་འཇང་རིགས་ཀྱི་མི་རིགས་ཤང་གཅིག་པུ་ཡིན། གནས་འདི་རུ་ཆུ་དཀར་ཆུ་ནག་ཡོད་པ་མ་ཟད།  འཇང་རིགས་གཏོ་པའི་རིག་གནས་ཀྱི་འབྱུང་ཁུངས་ཀྱང་ཡིན།  དེའི་ཁྲོད་དུ་འཇང་རིགས་གཏོ་པའི་འདྲ་གཟུགས་ཡི་གེ་དང་།  གཏོ་པའི་རི་མོ་འབྲི་ཐབས།  གཏོ་བའི་ཞབས་བྲོ།  གཏོ་པའི་ཤོག་བུ་བཟོ་རྩལ།  འཇང་རིགས་ཀྱི་གྱོ ན་ཆས་སོགས་དངོས་མིན་ཤུལ་བཞག་རིག་གནས་སོགས་ལ་ཁྱད་ཆོས་མངོན་པར་ལྡན་ཞིང་།  རིག་གནས་ཀྱི་རྫོང་ཤིན་ཏུ་མཐུག་པོ་ཡོད།

 སྒྱུ་རྩལ་དུས་ཆེན་འགོ་རྩོམ་པའི་མཛད་སྒོའི་ཐོག སན་པ་ཤང་གི་གྲོང་ཚོ་སོ་སོ་ནས་ཡོང་བའི་མང་ཚོགས་ཀྱིས་རིག་རྩལ་ལེ་ཚན་གང་མང་འཁྲབ་སྟོན་བྱས།  དོན་བརྗོད་རང་བཞིན་དང་། ངག་རྒྱུན་རང་བཞིན།  སྒྱུ་རྩལ་རང་བཞིན།  རིག་གནས་རང་བཞིན།  དད་མོས་རང་བཞིན།  ཚན་རིག་རང་བཞིན།  མི་ཆོས་ཀྱི་ཀུན་སྤྱོད་རང་བཞིན་སོགས་གཅིག་ཏུ་བསྡུས་པའི་འཇང་རིགས་དམངས་ཁྲོད་སྒྱུ་རྩལ་གྱི་སྐྱེ་ཁམས་གཉུག་མའི་ཞབས་བྲོ་ཨ་ཁཱ་པ་ལ་ཞེས་པ་དང་།  བསླས་འཐག་པ་སོགས་གོ་རིམ་ཆ་ཚང་བའི་འཇང་རིགས་གྱི་ཐག་ལས་ལག་ཤེས་སྒྱུ་རྩལ་ཡང་གར་སྟེགས་ཐོག་མངོན་ཡོད།  
       ཤང་དེའི་ཏང་ཨུའི་ཧྲུའུ་ཅི་ལི་ཕེང་གིས་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་འཚོགས་པ་ཡིས་སྔར་ལས་ལྷག་པར་སེམས་ཀྱི་ཉི་ཟླའི་སྤུས་རྟགས་སྲུང་སྐྱོང་དང་མཐོར་འདེགས།  གཏོ་པའི་རིག་གནས་ཀྱི་ཁྱད་ཆོས་འགྲེམས་པར་ནུས་པ་ཐོན་ཡོད་ཟེར།  
       གཉིས་པའི་ཚེས་བརྒྱད་ཉིན་དེར།  གྲོང་ཚོ་སོ་སོའི་མང་ཚོགས་དང་།   ཕྱི་ཕྱོགས་ནས་ཡོང་བའི་ཡུལ་སྐོར་བ་ཆུ་དཀར་ཆུ་ནག་ལ་འཛོམས་ཡོད།  གོང་ཟས་ཟ་བའི་བར་སྐབས་སུ་ཚང་མ་ལྷན་གཅིག་ཏུ་འཛོམས་ཏེ་གླུ་ལེན་གར་རྩེད་བྱས་ནས་ག་ས་གང་དུ་སྤྲོ་སྤྱིད་ཀྱི་རྣམ་པས་ཁེངས་ཡོད།  ཆིང་ཧྭ་སློབ་ཆེན་ནས་ཐོན་པའི་དགེ་རྒན་འགའ་ནི་སྒྱུ་རྩལ་དུས་ཆེན་གྱི་གོ་རིམ་ཡོངས་ལ་ཞུགས་ཡོད་པ་མ་ཟད།   གོ་རིམ་ཡོངས་པར་ལེན་འཕྲུལ་ཆས་ཀྱིས་ཐོ་འགོད་བྱས་ཡོད།

གཞན་ཡང་རྒྱུས་ལོན་བྱུང་བ་ལྟར་ན།   ཚེས26ཉིན་བསྡུས་པའི་མེ་ཕུང་སྤྲོ་ཚོགས་ཡང་ཐེངས་འདིའི་བྱེད་སྒོའི་ནང་དོན་གཙོ་བོ་ཞིག་ཡིན།   གྲོང་ཚོ་སོ་སོའི་འཐུས་མི་རུ་ཁག་གིས་ལུས་ལ་གཟས་ཆས་སྤྲས་ནས་མེ་ཕུང་ལ་བསྐོར་བ་རྒྱག་བཞིན་བྲོ་འཆམ་པ་དང་།  ལ་ལས་རོལ་མོའི་འགྲོས་དང་བསྟུན་ནས་གླིང་བུ་འབུལ་དཀྲོལ་བྱས་ཡོད།   ལ་ལས་གླུ་ལེན་ཞོར་བྲོ་འཆམ་པ་དང་ཕོ་མོ་ཕན་ཚུན་བར་གླུ་གཞས་ལེན་རེས་ཀྱང་བྱས་ཡོད།  པའེ་ཏི་གྲོང་ཚོ་ནས་ཡོང་བའི་ཨ་མ་ཧོ་ལགས་ཀྱིས་བཤད་རྒྱུར།  ད་ལྟའི་འཚོ་བ་ཤིན་ཏུ་སྐྱིད།   ལོ་གསར་ཡིན་ནའང་འདྲ།  གྲོང་ཚོའི་ནང་དུ་སྟོན་མོ་ཡོད་ནའང་འདྲ།   ཚང་མ་ཚུར་ཡོང་ནས་གླུ་ལེན་གར་རྩེད་བྱེད་ཅིང་འདིས་དེང་གི་བདེ་སྐྱིད་འཚོ་བ་མཚོན་ཐུབ་པ་མ་ཟད།   མ་འོངས་པར་རེ་བ་དང་ཡིད་ཆེས་བཟང་པོ་ཡོད་པའང་མཚོན་ཐུབ་པ་རེད་ཟེར།  
 

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།