文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
ལབ་ཙེ་ངོ་སྤྲོད་དང་དེའི་ཕན་ཡོན།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-12-25 16:05:01   འབྱུང་ཁུངས།༇མཚོ་སྔོན་པོ་དྲ་བ།

  བོད་ཁམས་སུ་ཁྱབ་ཆེ་བའི་ལབ་ཙེ་ནི་ཐོག་མར་ཇི་ལྟར་དར་ཚུལ་གསལ་ཐག་ཅིག་མི་ངེས་ཀྱང་། གང་ལྟར་གནའ་བོའི་དུས་ཤིག་ནས་བོད་ཁམས་སུ་བྱུང་མྱོང་བ་ཞིག་ཡིན་ཏེ། མྱང་སྐྱེ་སྣང་མཛད་རྡོ་རྗེའི་ལབ་ཙེའི་བརྩིགས་ཚུལ་ཞིག་ཏུ་སྲོང་བཙན་གྱི་སྐབས་སུ་བློན་ཆེན་མགར་སྟོང་བཙན་མཆོག་འུན་ཤིང་ཀོང་ཇོ་བསུ་བར་རྒྱ་ནག་ཏུ་གཉེ་བོར་བཏང་བ་ན། མགར་གྱི་གཡོ་འཕྲུལ་ལ་ཀོང་ཇོ་མ་དགྱེས་པར་རྒྱ་ནག་གི་གབ་ཙེ་སྦས་པས་ཉི་ཟླ་གཟའ་སྐར་དུས་ཚོད་སོགས་འཕྱུག་པའི་རྐྱེན་གྱིས་རྒྱ་བོད་གཉིས་སུ་བཀྲ་མི་ཤེས་པ་མང་ པོ་བྱུང་། དེ་ལ་རྩིས་མཁན་གཞན་གྱིས་རྩིས་བྱས་པས། དེ་དག་ནི་ཉི་ཟླ་གཟའ་སྐར་དུས་ཚོད་དང་ས་དཔྱད་ཉམས་པའི་སྐྱོན་ཡིན་པས་རི་རྩེར་དཔའ་མཁར་དང་། རི་སྐེད་གོང་གར་ལབ་ཙེ། རི་ཤོད་དུ་མཆོད་རྟེན་འབུམ་ཁང་བརྩིགས་ན་ཡུལ་ཁམས་བཀྲ་ཤིས་པར་ལུང་བསྟན་པ་ལྟར་བསྒྲུབས་པས་རྒྱ་བོད་གཉིས་ཀར་བཀྲ་ཤིས་དང་བདེ་སྐྱིད་བྱུང་ཚུལ་སོགས་བཀོད་པར་བལྟས་ན་གནའ་བོའི་དུས་སུ་བོད་དུ་དར་བ་ཞིག་ཡིན་པ་རྟོགས་སླ་ཞིང་། ཐ་སྙད་ཀྱི་ངེས་ཚིག་ལ་དཔྱད་ན་ལབ་ཙེ་ཞེས་པ་གཞི་བདག་གི་ཕོ་བྲང་ངམ་རྟེན་མཁར་ཡིན། ཙེ་ནི་ཞང་ཞུང་གི་སྐད་དེ་སྣོད་ལ་འཇུག ཕོ་བྲང་ངམ་མཁར་ཡང་སྣོད་དམ་རྟེན་གཞིའི་འདུག་ས་ཡིན། གབ་ཙེ་ཞེས་པའང་དཔེ་ཆ་འཇུག་སའི་སྣོད་ལ་ཟེར་བཞིན་ནོ།།      

  གཞན་ལབ་ཙེ་ལ་གསས་མཁར་ཡང་ཟེར། གསས་ཞེས་པ་ལྷ་ལ་འཇུག་པས་གསས་མཁར་ཞེས་པ་ལྷ་མཁར་དང་གསས་ཁང་ཞེས་པ་ལྷ་ཁང་ཡིན། མིང་གི་ཐ་སྙད་ལ་དཔྱད་ཀྱང་བོད་དུ་གནའ་བོའི་དུས་ནས་དར་བ་ཤུགས་ཀྱིས་རྟོགས་ཐུབ་ལ། ལབ་ཙེ་ལ་འབུལ་བའི་དམུ་ཐག་ལྟ་བུ་དང་། མཐུ་ཆེ་བ་ལ་སྐྱེས་སུ་མཚོན་འབུལ་གྱི་སྲོལ་ནི་བོད་རྗེ་གཉའ་ཁྲི་བཙན་པོའི་སྔ་རྗེས་སུ་བྱུང་ཡོད་པར་སྣང་བ་སོགས་ལ་དཔྱད་ཀྱང་།གང་ལྟར་གནའ་བོའི་ལྷ་མཆོད་ཆོ་ག་ཞིག་རེད།
        ལབ་ཙེ་ལ་དབྱེ་ན་ཀྱེ་ཏུ་དང་། ལབ་ཙེ། དཔའ་མཁར་བཅས་རིགས་གསུམ་ཡོད་ཅིང་། རི་ཡི་མགོ་ནས་བརྩིགས་ན་ཀྱེ་ཏུ་དང་། རི་སྐེད་ནས་བརྩིགས་ན་ལབ་ཙེ། མདོ་ནས་བརྩིགས་ན་དཔའ་མཁར་ཟེར། ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ལབ་ཙེའི་མཆོད་ཆོག་ཅིག་ཏུའང་། བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་།། འཕན་པོའི་ལབ་ཙེ་རི་ཡི་ཁེལ་ཁ་སྟེ།། ཕྱུག་པོའི་ལབ་ཙེ་རི་ཤོལ་ཀློང་དུ་བརྩིགས།། ཡུལ་མིའི་བཙན་ཕྱུག་འཕན་གསུམ་དར་བར་བྱས།། ཞེས་འབྱུང་།

སྤྱིར་ལབ་ཙེ་བསྟོད་པ་ནི་ཡུལ་ལྷ་གཞི་བདག་ལ་མཚོན་འབུལ་བྱེད་པའི་འཇིག་རྟེན་པའི་ཆོས་ལུགས་བྱེད་སྒོ་ཞིག་ཡིན་ཞིང་། ལོ་ལྟར་བོད་ཟླ་བཞི་བའི་ཚེས་བཅུ་གཅིག་དང་། དྲུག་པའི་བཅོ་ལྔའམ་བཅུ་བདུན་སོགས་དུས་ངེས་ཅན་ལ་ལབ་ཙེ་བསྟད་ན་ཡུལ་ལྷ་གཞི་བདག་གིས་ཉིན་མཚན་བྱ་ར་དང་། དགྲ་འགོག་གཉེན་སྐྱོང་སོགས་ལ་སྡོངས་གྲོགས་གཡེལ་མེད་བྱེད་པ་ཡིན་ཟེར། དེ་བས་ལབ་ཙེ་ནི་གཙོ་བོ་མདའ་ཤིང་གིས་གྲུབ་པ་ཞིག་ཡིན་ཞིང་། རྩེ་ན་ཐིག་ལེ་བཀོད་པའི་ཤིང་སྒྲོ་ཡོད་པ་ནི་མདའ་སྒྲོའི་དོད་བྱས་པ་ཡིན་ཞིང་། མདའ་ཁ་ཅིག་ནི་རྩེ་མོ་རལ་གྲི་དང་མདུང་མགོ་བྱས་པ་ལ་སྐེད་དུ་རྒྱལ་མཚན་བཏགས་པ་ནི་དཔུང་གི་རུ་དར་གྱི་དོད་བྱས་པ་ཡིན་པ་སྣང་ངོ་།།

 སྤྱིར་ལབ་ཙེ་ནི་མཚོན་འབུལ་གྱི་མཆོད་པ་ཞིག་ཡིན་ཡང་། སྔོན་ཆད་ཀྱི་ལོ་རྒྱུས་ལས་བོད་བཙན་པོའི་དུས་སུ་མཐའ་མཚམས་ཀྱི་རི་དང་ལ་ཆེན་ཁག་ཏུ་ལ་རྫི་ས་སྲུང་བ་མང་པོ་བཞག་འདུག་པ་དེ་དག་རྒྱུན་རིང་འཕོ་འགྱུར་བརྗེ་ལེན་མ་བྱས་སྟབས་རིམ་གྱིས་རྒྱ་བལ་ས་མཚམས་ཁག་ཏུ་གཞིས་ཆགས་ནས་ལབ་ཙེ་དང་ཕན་ཚུན་རིགས་འདྲེས་པ་བྱུང་བར་སྣང་ལ། མིང་ཡང་ལ་རྫི་དང་ལབ་ཙེ་ཞེས་པ་སོ་སོ་ཡིན་ཡང་རིམ་བཞིན་སྐད་ཟུར་གྱིས་གཅིག་ཏུ་འདྲེས་པར་སྙམ་ཏེ། དེང་གི་ཆར་ཡང་ཡུལ་ཁ་ཅིག་ཏུ་སྔོན་ཆད་ཀྱི་ས་མཚམས་ཆུ་མཚམས་དེ་ལབ་ཙེ་ཚད་མར་བཀུར་ནས་འབྱེད་པ་མི་ཉུང་བས་སོ།།

 བོད་ཀྱི་ལབ་ཙེའི་མདའ་ཤིང་ནི་གསོམ་དཀར་སོགས་དྲང་ཞིང་གཙང་བ་ཞིག་ཡིན་དགོས་པ་གཞིར་བཅས། རིང་ཐུང་སོགས་ནི་མ་ངེས་པ་སྣ་ཚོགས་ཏེ་ཆེ་ཞིང་རིང་བའི་རིགས་ནི་མདའ་གཅིག་སྐྱེ་བོ་གྱད་སྟོབས་རྫོགས་པ་བཞི་ནས་དྲུག་བར་གྱིས་འདེགས་ཐུབ་ཙམ་ལྟ་བུ་ཡོད་པ་དང་། ཆུང་ཤོས་ནི་སྦོམ་ཕྲ་ལག་ངར་ཙམ་ལ་རིང་ཚད་ཁྲུ་བརྒྱད་ཡས་མས་ཡོད་པའང་མང་ཞིང་ཡུལ་ཁ་ཅིག་ཏུ་འབྲོང་མགོའི་ལབ་ཙེ་དང་། ཤྭ་རྭའི་ལབ་ཙེ། སྤེན་མའི་ལབ་ཙེ་སོགས་ལྟ་བུའང་ཡོད་པ་མཐོང་ངོ་།།

 

 

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།