文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
མྱི་ཟུར་གྱི་བདུན་པ་གཞི་སྐོར།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 17:11:45   འབྱུང་ཁུངས།༇

ལུགས་རྙིང་ལོ་ཐོའི་ལོ་རེའི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ནི་སེམས་ཀྱི་ཉི་ཟླ་རྫོང་མྱི་ཟུར་གྲོང་སྡེའི་ཆེས་གཟབ་རྒྱས་ཀྱི་དུས་ཆེན་ཏེ་བདུན་པ་གཞི་སྐོར་ཡིན། མྱི་ཟུར་ནི་སེམས་ཀྱི་ཉི་ཟླ་རྫོང་གི་ཤར་ཕྱོགས་སུ་གནས་ཡོད་ལ། སེམས་ཀྱི་ཉི་ཟླའི་རྫོང་ཁུལ་དང་བར་ཐག་ལེ་དབར་126གིས་ཆོད། མྱི་ཟུར་གྲོང་སྡེའི་ཁོངས་སུ་སྐྱེ་དངོས་སྣ་མང་འཛོམས་ཡོད་ཅིང་། ནགས་ས་མུའུ་ཁྲི་50ཡོད་ལ། རང་བྱུང་རྩྭ་ཐང་མུའུ་ཁྲི་14ཡོད། ནགས་ཚལ་གྱིས་ཁེབས་ཚད་80%ཡན་ལ་སླེབས་ཡོད་ལ། གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་གི་དམར་རི་ལྗོངས་ཁུལ་གྱི་གྲུབ་ཆ་གཙོ་བོ་ཡིན། ལྗོངས་རྒྱུ་བས་དག་ཞིང་གི་ལམ་འགག་ཅེས་པའི་མཚན་སྙན་ཕུལ་ཡོད། མྱི་ཟུར་དུ་ལྟ་ཞིབ་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཤུལ་བཞག་ཆེད་མཁས་ཀྱིས་མྱི་ཟུར་ནི་འཛམ་གླིང་གི་སྐྱེ་ཁམས་གྲོང་ཚོ་འབའ་ཞིག་ཏུ་འདོད། ས་གནས་འདིར་གངས་རི་དང་རྫ་རི། གཙང་པོ་དང་རྩྭ་ཐང་བཅས་རང་བྱུང་ཆགས་ཚུལ་གང་མང་འདུས་ཡོད་ལ། འདབ་པའི་གདོད་མའི་འཁྱགས་རོང་གི་འགུལ་ཤུལ་ཡོད་པས། གཙང་གསུམ་མཉམ་བཞུར་ས་ཁུལ་དང་སའི་གོ་ལའི་བྱང་ཕྱེད་མའི་རང་བྱུང་ཁམས་ཀྱི་ཆགས་ཚུལ་ཡོད་གུ་འདུས་ཡོད་པས་ངོ་མཚར་སྟོང་དང་ལྡན་ནོ།


  མྱི་ཟུར་གྲོང་གི་བགྲེས་སོང་རྣམ་པའི་ངག་རྒྱུན་ལྟར་ན། མྱི་ཟུར་བས་བོན་ཆོས་ལ་དད་པས། འདིར་ཡུལ་ལྷ་གཞི་བདག་དང་ཀླུ་གཉན་ས་བདག་བཅས་འཇིག་རྟེན་པའི་ལྷ་གང་མང་གསོལ་སྲོལ་ཡོད། ལོ་རེར་བོན་ཆོས་ཀྱི་སོ་ནམ་གྱི་ཆོ་ག་གང་མང་སྤེལ་སྲོལ་ཡོད་དེ། དཔེར་ན། བདུན་པ་དང་། གཞི་སྐོར། རི་སྐྱབས་རྟ་སྐྱབས་སོགས་ཀྱི་ཀྱི་སྲོལ་རྒྱུན་དུས་ཆེན་ཡོད། དེ་ལས་བདུན་པ་དུས་ཆེན་ལ་བདུན་པ་གཞི་སྐོར་དང་། བདུན་པ་བཅོ་ལྔའང་ཟེར། བདུན་པ་ནི་སྟག་གིས་བཟུང་བའི་ཟླ་བ་ཡིན་པས་རྟེན་འབྲེལ་ཀུན་དུ་འགྲིག དུས་ཆེན་དེ་ནི་བོད་ལྗོངས་ཀྱི་འོང་སྐོར་དང་ཁུངས་ལུང་གཅིག་པ་ཡིན་ལ། ལོ་ལེགས་ཡོང་བ་དང་། མི་ཕྱུགས་ཞིང་གསུམ་ལ་བདེ་སྐྱིད་ཡོང་བའི་མཚོན་དོན་དང་ལྡན་ནོ།

ལུགས་རྙིང་ལོ་ཐོའི་ལོ་རེའི་ཟླ་བ་བདུན་པར། མྱི་ཟུར་གྲོང་གི་ཞིང་སར་ལོ་ཏོག་གསེར་ཐིང་ཐིང་མཁྲེགས་ཤིང་ཡལ་གར་ཤིང་ཏོག་གཡུར་དུ་ཟ་བ་དང་བཅས། ས་ཞིང་ལས་མཆེད་པའི་མཛེས་ཉམས་ཀྱིས་ཕྱུག་པས་སྲིད་པའི་དག་ཞིག་དངོས་སུམ་དུ་གྱུར།

བདུན་པའི་སྐབས་སུ། ལས་ལ་བརྩོན་པའི་མྱི་ཟུར་བས་ཞིང་ལས་ཀྱི་མཚམས་བཞག་ནས། བཟའ་བཏུང་མང་པོ་ལོངས་སུ་སྤྱོད་ནས་རྒན་གཞོན་བར་གསུམ་གྱི་ངོ་གདོང་དུ་མཛུམ་མདངས་ཀྱིས་ཁེངས་ནས་དུས་ཆེན་གཏོང་སྲོལ་ཡོད།

བདུན་པ་ནི་སྤྱིར་བཏང་ཉིན་གསུམ་གཏོང་ཡོད། ཉིན་དང་པོར་གྲོང་མི་ཡོངས་ཀྱིས་ཕག་མོ་གནས་སུ་མཆོད་གསོལ་བྱས་ཤིང་། རླུང་རྟ་མཐོར་འཕྱུར་ཞིང་ཆོས་སྒྲས་ཡོངས་སུ་ཁྱབ་སྟེ་དུས་ཆེན་གཏོང་དགོས། མཆོད་བསྟོད་རྫོགས་རྗེས། སྐྱེ་བོ་ཚོ་དོང་ནང་དུ་ཕྱིན་ནས་ཆུ་ཐིག་པ་ཙམ་བླུགས་ཏེ་སྤྱི་བོ་བཀྲུ་ཞིང་ཁམ་གང་འཐུང་ནས་བྱིན་བརླབ་ཞུས་དགོས། དོང་ནང་གི་ཆུར་བྱིན་རླབས་དུ་མ་ལྡན་པས་ཚང་མས་བདུད་རྩིར་ངོས་འཛིན་ནས་རང་ཁྱིམ་དུ་འདྲེན་པའི་ལུགས་སྲོལ་ཡོད།
བདུན་པའི་དུས་ཆེན་གྱི་ཉིན་གཉིས་པར། གྲོང་མི་ཡོངས་ཀྱིས་གཟབ་ཆས་སྤྲོས་ནས་ཡུལ་ལྷ་གསོལ་དགོས། རྩམ་པ་དང་མར་ལོས་གཏོར་མ་གང་མང་བཟོས་ནས་ཆོ་ག་སྤེལ་ཞིང་། གྲོང་མི་ཚོས་ལག་ཏུ་རླུང་རྟ་བཟུང་ནས་དུང་སྒྲའི་ཁྲོད་དུ་རྟ་ཆིབས་ནས་བང་སྒྲིག་སྟེ་ཡུལ་ལྷ་ཞལ་དཀར་བཀྲ་ཤིས་དཔལ་ལྡན་གྱི་མཐའ་འཁོར་དུ་ལན་གསུམ་བསྐོར་དགོས། ཆོ་ག་སྤེལ་ཚར་རྗེས་དུ་དུང་ཕོ་མོ་ན་གཞོན་ཚོས་ལུས་ལ་གོས་རྒྱན་གཟབ་རྒྱས་སྤྲོས་ནས་མྱི་ཟུར་ཡུལ་གྱི་དགེ་མཚན་སྟོང་དང་ལྡན་པའི་གོས་ཆས་སྤྲོས་སྲོལ་ཡོད།

བདུན་པའི་ཉིན་གསུམ་པར། འབྲོག་པ་ཚོས་རང་རང་གི་ཕྱུགས་ཟོག་ངོམ་པའི་དུས་ཚོད་ཡིན་ཏེ། གྲོང་མི་ཡོངས་རྩྭ་ཐང་སྟེང་དུ་ཡོང་ནས་བ་གླང་བཤའ་བ་དང་། གླང་འཛིང་བྱས་ནས། གླང་བཀྱགས་པ། རྟ་རྒྱུགས་བཅས་ནང་དོན་དུ་མ་ཡོད་པ་དང་། ཕོ་རྒོད་ཚོས་ར་རྐང་ཤིང་ཐོག་བཏགས་ནས་གྲི་བཏབ་ཏེ་སུའི་གྲི་རྣོ་འདུག་ལྟ་སྲོལ་ཡོད། གང་ལྟར་བདུན་པའི་དུས་ཆེན་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས་སུས་རེག་པ་ཙམ་གྱིས་བརྗེད་མི་སྲིད་དོ།

དེང་སང་བདུན་པ་དུས་ཆེན་ནི་མྱི་ཟུར་གྲོང་གི་ཆོས་ལུགས་དང་། ཐོན་སྐྱེད། རྩེད་མོ་བཅས་གཅིག་ཏུ་འདུས་པའི་དུས་ཆེན་ཞིག་ཏུ་ཆགས་ཡོད། དུས་ཆེན་གྱི་སྐབས་སུ། གྲོང་ཆེན་ན་ཡིན་ནའང་འདྲ། འབྲོག་རར་ཡིན་ནའང་འདྲ། ས་སྲོས་ལ་ཉེ་སྐབས། ཡུལ་མི་ཚོས་གྲོང་སྡེའི་གང་སར་བོད་ཀྱི་སྐོར་བྲོ་འཁྲབ་པ་དང་། བྲོ་རའི་དཀྱིལ་དུ་མེ་ཕོང་ཆེན་པོ་སྤར་ནས་སྤྲོ་སྐྱིད་ཀྱི་རྣམ་པས་ཁེབས་ཡོད། (ཚུལ་ཁྲིམས་ཀྱིས་བསྒྱུར།)

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།