文化资讯 图说香格里拉 工艺美术 宗教信仰 民风民俗 文物古迹 历史文化 人物
ཇ་རྟའི་ཚོང་ལམ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-05 17:09:16   འབྱུང་ཁུངས།༇

རི་རབ་ཀྱི་ཕྲེང་བས་མུ་འཁྱུད་བསྐོར་ཞིང་སྣ་ཚོགས་མཚེའུ་གཡུ་ཡི་གཅལ་དུ་བཀྲམ་པ། མཐའ་ཡས་ནགས་ཀླུང་སྟུག་པོ་ནམ་མཁའི་ཁྱོན་དང་མཉམ་པའི་ཁྲོད་དུ་ངོ་མཚར་ཆེ་ཞིང་མཚན་སྙན་འཛམ་གླིང་ཕྱོགས་བཞིར་ཁྱབ་པའི་གནའ་ལམ་ཞིག་སྟེ། ཇ་རྟའི་ཚོང་ལམ་ནི་ཐང་སུང་རྒྱལ་རབས་ནས་ལོ་རབས་དྲུག་ཅུ་བར་དར་བའི་ཚོང་ཟོག་སྐྱེལ་འདྲེན་བྱེད་སའི་རྐང་ལམ་ཕྲ་མོ་ཞིག་ལགས།

 ཁམས་བོད་མཐོ་སྒང་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ། མཚོ་ངོས་ཀྱི་མཐོ་ཚད་སྨི་སུམ་སྟོང་ནས་བཞི་སྟོང་ཡན་ཡོད་ལ། ས་འདིའི་ཡུལ་མི་རྣམས་ཀྱིས་རྩམ་པ་དང་མར། འོ་མ། ཤ་སོགས་ལ་བསྟེན་ནས་འཚོ་སྡོད་བྱས་ཡོད། མཐོ་སྒང་ས་ཁུལ་དུ་འཚོ་སྡོད་བྱེད་པའི་མི་རྣམས་ཀྱིས་ཚ་ཚད་ཆེ་བའི་ཚིལ་རིགས་བསྡུ་ལེན་བྱེད་དགོས་ལ། འོན་ཀྱང་མཐོ་སྒང་དུ་སྔོ་ཚལ་གྱི་རིགས་དཀོན་པ་དང་། ཚད་ལས་བརྒལ་བའི་ཚིལ་རིགས་མིའི་ལུས་ནས་ཞུ་དཀའ་བས། ཇ་ལ་ཁ་ཟས་ཀྱི་ཞུ་སྟོབས་གསོ་བའི་ནུས་པ་ཡོད་པ་མ་ཟད། ལུས་ཁམས་གསོ་བའི་ནུས་པ་ཡང་ཡོད། ས་མཐོའི་གནམ་གཤིས་ཀྱི་གྲང་ངར་སོགས་རང་བྱུང་གི་ཆ་རྐྱེན་གྱིས་གཙེས་པའི་མི་རྣམས་ལ་ལུས་ཀྱི་དྲོད་ཤ་རྒྱས་ཤིང་། ཆམ་རིམས་དང་གྲུམ་བུ་རུས་གཟེར་གྱི་ནད་སོགས་མཐོ་སྒང་དུ་ཧ་ཅང་འབྱུང་སླ་བའི་ནད་རིགས་སྣ་ཚོགས་སྔོན་འགོག་དང་ནད་བཅོས་ལ་ཤིན་ཏུ་ཕན་སྟབས། གནའ་བོའི་བོད་མི་རྣམས་ཀྱིས་ཡུན་རིང་གི་འཚོ་བའི་ཁྲོད་དུ། དཀྲུགས་ཇ་འཐུང་བའི་འཚོ་བའི་གོམས་སྲོལ་རིམ་བཞིན་ཆགས་པ་རེད། འོན་ཀྱང་བོད་ཁུལ་དུ་ཇ་རིགས་ཐོན་སྐྱེད་མི་བྱེད་པ་དང་རྒྱལ་ནང་དུ་དམངས་ཁྲོད་ཀྱི་བྲན་བཀོལ་དང་དཔུང་འཇུག་གཡུལ་འགྱེད་ཁྲོད་རྟ་དྲེལ་མང་པོ་དགོས་པ་དང་ཡུལ་རང་གིས་དགོས་མཁོ་སྐོང་མི་ཐུབ་ལ། བོད་ལྗོངས་དང་སི་ཁྲོན། ཡུན་ནན་སོགས་ཀྱི་ས་ཁུལ་དུ་རྟ་མཆོག་མང་པས། ཇ་དང་རྟའི་ཕན་ཚུན་གསབ་པའི་ཚོང་ར་སྟེ་ཇ་རྟའི་ཁྲོམ་ར་ཆགས་པ་རེད། འདི་ལྟར། བོད་ཁུལ་དང་སི་ཁྲོན།ཡུན་ནན་བཅས་ས་ཁུལ་དུ་མངའ་བའི་རྟ་དྲེལ་དང་པགས་རིགས། སྨན་རྩ་སོགས་དང་། སི་ཁྲོན་དང་ཡུན་ནན། རྒྱལ་ནང་སོགས་སུ་ཐོན་སྐྱེད་བྱེད་པའི་ཇ་དང་རས། ཚྭ་དང་རྒྱུན་སྤྱོད་ཅ་ལག་སོགས་འཕྲེད་རྒྱུག་རི་བོའི་གྲོང་རོང་ཁྲོད་ཕར་འགྲོ་ཚུར་འོང་བྱས་པ་བརྒྱུད་ནས། སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་བསྟུན་ནས་ཉིན་བཞིན་འཕེལ་རྒྱས་བྱུང་སྟེ། གནའ་ནས་ད་བར་དུ་རྒྱུན་མཐུན་པའི་ཇ་རྟའི་ཚོང་ལམ་ཆགས་པ་རེད།

ཇ་རྟའི་ཚོང་ལམ་ལ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་ལ། འདི་ནི་ཐང་སུང་རྒྱལ་རབས་ནས་མིན་གོ་དུས་སྐབས་ཀྱི་རྒྱ་བོད་མི་རིགས་བར་ཇ་རྟ་བརྗེ་རེས་བྱས་པ་བརྒྱུད་ཆགས་པའི་འགྲིམ་འགྲུལ་གྱི་ལམ་བུ་ཞིག་དང་རྒྱ་བོད་བར་གྱི་འབྲེལ་འཛུགས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་རྒྱུས་སྟེང་གི་ཇ་རྟའི་ཚོང་ལམ་ནི་ལམ་སྣ་གཅིག་མིན་པར། དེ་ནི་ཁྱབ་རྒྱ་ཆེ་བའི་འགྲིམ་འགྲུལ་གྱི་དྲ་རྒྱ་ཞིག་ཡིན་ལ། ལམ་ཐིག་གཙོ་བོ་ལྷོ་དང་བྱང་གི་ལམ་བུ་གཉིས་ཏེ། སི་ཁྲོན་ནས་བོད་ལྗོངས་བར་ཆགས་པའི་ཁྲོན་བོད་ཇ་རྟའི་ཚོང་ལམ་དང་། ཡུན་ནན་ནས་བོད་ལྗོངས་བར་ཆགས་པའི་ཡུན་བོད་ཇ་རྟའི་ཚོང་ལམ་གཉིས་ཡིན། ཁྲོན་བོད་ཇ་རྟའི་ཚོང་ལམ་ནི་སི་ཁྲོན་གཡག་རྔ་ས་ཁུལ་ནས་ཐོན་པའི་ཇ་རིགས་གཡག་རྔ་ནས་དར་རྩེ་མདོ་རུ་བརྒྱུད་པ་དང་། དར་རྩེ་མདོ་ནས་ལྷོ་བྱང་གི་ལམ་བུ་གཉིས་སུ་བགོས་པས།བྱང་ཕྱོགས་ཀྱི་ལམ་བརྒྱུད་ནི་དར་རྩེ་མདོ་ནས་རྟའུ་དང་བྲག་མགོ དཀར་མཛེས།སྡེ་དགེ འཇོ་མདའ་བཅས་བརྒྱུད་ནས་ཆབ་མདོ་ལ་ཐོན་པ་དང་། ཆབ་མདོ་ནས་དབུས་གཙང་ས་ཁུལ་དུ་དབོར་འདྲེན་བྱེད་པའི་ལམ་བུ་དང་། ལྷོ་ཕྱོགས་ཀྱི་ལམ་བརྒྱུད་ནི་དར་རྩེ་མདོ་ནས་ཉག་ཆུ་དང་ལི་ཐང་། འབའ་ཐང་། སྨར་ཁམས། མཛོ་སྒང་། ཆབ་མདོ་ནས་དབུས་གཙང་ས་ཁུལ་དུ་དབོར་འདྲེན་བྱེད་པའི་ལམ་བུ་གཉིས་སོ།ཡུན་བོད་ཇ་རྟའི་ཚོང་ལམ་ནི་ཡུན་ནན་ནུབ་རྒྱུད་ནས་ཐོན་པའི་ཇ་རིགས་དག་ཏ་ལིར་ལ་བསྡུ་རུབ་བྱས་རྗེས། ས་ཐང་དང་། རྒྱལ་ཐང་། འཇོལ། སྨར་ཁམས། བྲག་གཡབ། ཆབ་མདོ་ལ་སོགས་བརྒྱུད་ནས་བོད་ལྗོངས་ཀྱི་སྤང་མདའ་དང་ཀོང་པོ་རྒྱ་མདའ། ལྷ་ས། རྒྱལ་རྩེ། གཞིས་ཀ་རྩེ། མངའ་རིས་སོགས་སུ་དབོར་འདྲེན་བྱེད་སའི་ལམ་བུ་ལ་ཟེར་བ་རེད། འབྲི་ཆུའི་འབབ་རྒྱུན་གྱི་ཀུང་རྩེ་རལ་ནི་ཇ་རྟའི་ཚོང་ལམ་གྱི་གྲུ་ཁ་གལ་ཆེན་ཞིག་སྟེ།རྟ་དྲེལ་དང་ཚོང་ཟོག་དག་གྲུ་ཐོག་ཏུ་བཞག་ནས་འབྲི་ཆུའི་ཕ་རོལ་དུ་བརྒལ་ཞིང་། ཡུན་ནན་གྱི་ནུབ་བྱང་ས་ཁུལ་ནས་བོད་ལྗོངས་དང་སི་ཁྲོན་སོགས་སུ་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་ལམ་བུ་གཙོ་བོ་དང་ཇ་རྟའི་ཚོང་ལམ་གྱི་བརྒྱུད་ལམ་གཙོ་བོ་ཡིན། གོང་གི་ཚོང་ལམ་གཙོ་བོ་ཕུད། ད་དུང་ལམ་བུ་མང་པོ་ཡོད་དེ། གཡག་རྔ་ནས་ཟུང་ཆུ་དང་ཀན་ལྷོ་བརྒྱུད་པའི་ལམ་བུ་དང་། སྡེ་དགེ་ནས་ཡུལ་ཤུལ་དང་ཟི་ལིང་སོགས་སུ་བརྒྱུད་པའི་ལམ་བུ་སོགས་ཡོད་པ་རེད།

རྒྱ་བོད་ཡིག་ཚང་དུ་ས་སྐྱའི་སྐབས་སུ་ཚོང་ལམ་གྱི་ལམ་བུ་གསར་དུ་གཏོད་ནས་ས་ཚིགས་དུ་མ་བཙུགས་ལ། རྒྱ་བོད་འདྲེས་མཚམས་ནས་ལྷ་ས་བར་ལ་ས་ཚིགས་ཆེ་བ་ཉི་ཤུ་རྩ་བདུན་བཙུགས་ཡོད་སྐད་འདུག མདོ་ཁམས་སྤྱི་ཁྱབ་ཁོ་ནའི་མངའ་འོག་ཏུ་ས་ཚིགས་དགུ་བཙུགས་ཡོད། ས་ཚིགས་ཆེ་བ་རེའི་མངའ་ཁོངས་སུ་ད་དུང་ས་ཚིགས་ཆུང་བ་མང་པོ་ཡོད། ཕག་གྲུའི་སྐབས་སུ་ཚོང་ལམ་གྱི་ལམ་བུ་མུ་མཐུད་འཛུགས་སྐྲུན་བྱས་པ་རེད། ཕག་གྲུའི་སྐབས་སུ་འཇང་ས་དམ་རྒྱལ་པོས་རྒྱལ་ཐང་བཟུང་བ་དང་། ཡུན་ནན་གྱི་ཚོང་པས་ལོ་ལྟར་ས་ཐང་དང་། ཧེ་ཆིང་། ཏ་ལི། ཕུའུ་ཨེར་བཅས་ནས་ཇ་དང་བྱེ་མ་ཀ་ར། ཟངས་ཆས། འབྲུ་རིགས། ཞོར་ཟས་བཅས་རྒྱལ་ཐང་དང། ཁམས་ཀྱི་ལྷོ་ཕྱོགས། ཚྭ་ཁ་རོང་སོགས་ལ་དྲངས་ནས་ས་ཁུལ་དེ་གའི་བལ་དང་མར་སྤོས་སྣམ་བུ། དེ་བཞིན་དབྱར་རྩྭ་དགུན་འབུ་དང་། གླ་རྩི་སོགས་དང་བརྗེ་རེས་བྱས་པས་སྐབས་དེར་རྒྱ་བོད་ཉོ་ཚོང་གི་འབྲེལ་བ་ཆེན་པོ་ཡོད། མཉྫུ་གོང་མའི་དུས་སུ་སྲིད་གཞུང་གིས་རྒྱལ་ཐང་དུ་ཚོང་འདུས་བཙུགས་ཆོག་པའི་རེ་བ་བཏོན་པ་དེར་གོང་མའི་ཆོག་མཆན་ཐོབ་པ་རེད། དེ་ནས་བཟུང་རྒྱལ་ཐང་དེ་ཡུན་ནན་དང་བོད་ཀྱི་ཉོ་ཚོང་བྱེད་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ།ཡུན་ནན་ནས་ཐོན་པའི་ཇ་དང་ཀུང་རྩེ་རལ་བུ་རམ།ཇ་ལོ་སོགས་ཀྱི་ཐོན་རྫས་ལྷག་ལྷ་ས་དང་བོད་ལྗོངས་སོགས་སུ་དབོར་འདྲེན་བྱས་པ་རེད་བཅས་འཁོད་ཡོད་པ་རེད།

རེད་ཡ། ཡུན་བོད་དང་ཁྲོན་བོད་ཀྱི་ཇ་རྟའི་ཚོང་ལམ་དེ་ལོ་ངོ་སྟོང་ཕྲག་གཅིག་ལྷག་གི་ལོ་ཟླའི་འཁོར་ལོ་བརྒྱུད་ལ། ཇ་རྟའི་ཚོང་ལམ་གྱིས་ལམ་བརྒྱུད་ཀྱི་མི་རིགས་སྣ་ཚོགས་ཀྱི་འབྲེལ་བ་དམ་པོར་བཟོས་པ་དང་ཞིང་ལས་དང་ཕྱུགས་ལས་ལ་སྐུལ་སྤེལ་བཏང་ནས་དཔལ་འབྱོར་གོང་དུ་སྤེལ་ལ། མི་རིགས་ཀྱི་ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་སྔར་མེད་ཀྱི་འཕེལ་རྒྱས་དང་དར་རྒྱས་བྱུང་བ་རེད། གནའ་མིའི་དཀའ་སྤྱད་སྡུག་རུས་ཀྱི་སྤྱོད་བཟང་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ནི་མིའི་རིགས་ལོ་རྒྱུས་ཐོག་གསུབ་ཐབས་བྲལ་བའི་རྡོ་བརྐོས་རི་མོ་བཞིན། མི་རབས་ནས་མི་རབས་ལ་གཟི་བྱིན་དང་འོད་སྟོང་འཕྲོ་འདུག (པད་མ་མཚོ་ནས།)

རྩོམ་སྒྲིག་པ།:王静
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།